ཆུ་མོ་ཕུག།

ཆུ་མོ་ཕུག།

ཆུ་མོ་ཕུག་ཟེར་མཚན་ཞུ་དགོ་མི་འདི་ ཨྱོན་རིན་པོ་ཆེའི་ལུང་ལས་ ཆུ་རྦ་ཀློངས་འཁྲུགས་པའི་འུར་སྒྲ་ལ། །སྒྲ་གྲགས་སྟོང་ཆོས་སྐུའི་གདངས་དབྱངས་ཡོད།། མ་རིག་འཛིན་དཔའ་བོ་མཁའ་འགྲོ་ལ།། མཆོག་ཐུན་མོང་གཉིས་ཀྱི་དངོས་གྲུབ་ཡོད།། ཕུག་ཆོས་འབྱུང་འདྲ་བའི་བྲག་ཕུག་ན།། རྟེན་གནམ་ལྕགས་འོག་མིན་རལ་གྲི་ཡོད།། ཞེས་གསུངས་པ་ལྟར་ཡིན༌ཞུ། ཆུ༌མོ༌ཕུག༌གནས༌གོང༌འོག༌གཉིས༌ལས༌གདན༌ས༌འོག༌མ༌ ལྷ༌ཁང༌རྙིང༌པའི༌ཆགས༌ཤུལ༌དེ༌ནི༌དུས༌རབས༌ ༧ པ་དང༌ ༨ པའི༌མཚམས༌ན༌སློབ༌དཔོན༌ཆེན༌པོ༌མ༌ཧཱ༌གུ༌རུ༌པདྨ༌འབྱུང༌གནས༌ཀྱིས༌བྱིན༌གྱིས༌བརླབས༌པའི་སྦས༌གནས༌ ཁྱད༌དུ༌འཕགས༌པ༌ཅིག་ཨིན་པས། ད༌ལྟོ༌མཇལ༌ནི༌ཡོད༌པའི༌ལྷ༌ཁང༌འདི༌ གདན༌ས༌ཆགས༌བཏབ༌གནང༌མི་ཤེལ་ལ་བྲག༌འགོའི༌ཆོས༌རྗེ༌པདྨ༌འབྱུང༌གནས༌ཀྱིས༌བཞེངས༌བཞེངསམ་ཨིན༌ཟེར་བཤད༌སྲོལ༌ཙམ་མ༌གཏོགས༌ གནས༌ཡིག༌དང༌རྣམ༌ཐར༌ཚུ༌ནང༌མཇལ༌ནི༌མིན༌འདུག། ད༌ལྟོ༌མཇལ༌ནི༌ཡོད༌པའི༌ལྷ༌ཁང༌བྱིན༌ཅན༌འདི༌ བྲག༌ཟླ༌གམ༌དབང༌ཆེན༌གྱི་རྩེ༌ལ༌ཆགས༌ཏེ་འདོམ༌དྲུག༌གྲུ༌བཞི༌ཐོག༌ བྱིན༌ཆགས༌ཏོག༌ཏོ༌སྦེ༌ མཇལ༌ནི༌ཡོད༌པ༌ཨིན་པས། དེ༌འབདཝ་ལས༌ མཇལ༌བ༌ཙམ༌གྱི༌ངན༌སོང༌གི་སྐྱེ༌སྒོ༌ཆོད་པ༌ལ༌ཐེ༌ཚོམ༌མེད༌ཟེར་ཨྱོན༌རིན༌པོ༌ཆེའི༌གསུང༌ལས་ཡང་ བྲག༌ཟླ༌གམ༌དབང༌ཆེན༌ཕུར༌པའི༌ནང༌།། ཆོས༌འཆི༌མེད༌བསྒྲུབས༌པའི༌ཟབ༌གཏེར༌ཡོད།། བྲག༌དེ༌ཀ༌སྐེད༌པའི༌ལོག༌སྡེགས༌ལ།། རྗེ༌གུ༌རུ༌ཕུར༌པའི༌ཞབས༌རྗེས་ཡོད།། ཞེས༌སོགས༌གནས༌འདིའི༌བཤད༌པ༌མང༌དུ༌གསུངས་ཡོདཔ་ཨིན་པས། ལྷ༌ཁང༌གི༌སྟེང༌ཐོག༌ལུ་ ནང་རྟེན༌གཙོ༌བོ༌རྡོེ༌ཕག༌མོ༌གསེར༌ཟངས༌ལས༌གྲུབ༌པ༌ དབུ༌གནམ༌ལ༌མ༌རེག༌ ཞབས༌ས༌ལ༌མ༌རེག༌པར༌གནམ༌ཁར༌འཕུར༌བའི༌ཚུལ༌དུ༌འགྲོ༌བ༌སེམས༌ཅན༌ཀུན༌གྱི༌དད༌རྟེན༌དུ༌བཞུགས༌ཡོད༌པ༌མ༌ཚད༌ གཏེར༌གཏོན༌འབྲུག༌སྒྲ༌རྡོ༌རྗེའི༌ཕག༌མོའི༌བླ༌མཚོ༌ནང༌གཏེར༌ལས༌བཞེས༌པའི༌ཕག༌མོའི༌སྐུ༌འདྲ༌དང༌། གཏེར༌གཏོན༌ཚེ༌བརྟན༌རྒྱལ༌མཚན༌གྱི༌གནས༌གོང༌མ༌ལས༌བཞེས༌པའི༌རྡོེ༌ཕག༌མོའི༌སྐུ༌འདྲ༌ཚུ༌ཡང༌ ད༌ལྟོ༌བར༌ཡང༌བྱིན༌བརླབས༌སོ༌ཚན༌ཁ༌ཙམ༌ཡང་མ་ཉམས་པར་མཇལ༌ནི༌ཡོད༌པ༌དང༌། གཞན༌རྒྱུ༌སྐུ༌སོགས༌རྒྱལ༌བ༌གོང༌མའི༌ཕྱག༌བཟོ༌སོགས༌མང༌རབས་ཅིག༌མཇལ༌ནི༌ཡོད། གཞན༌ཡང༌མཐའ༌སྐོར༌ལས༌ཕར༌སྨོན༌ལམ༌གང༌བཏབ༌འཐུས༌པའི༌གནས༌དང༌ བླ༌མཚོ༌སོགས་མཇལ༌བ༌ཙམ༌གྱི༌ཐར༌པའི༌ས༌བོན༌འདེབས༌པའི༌ ཟབ༌གནས༌ཁྱད༌པར༌ཅན༌མང༌རབས༌མཇལ༌ནི༌ཡོདཔ་ཨིན་པས་ཟེར་ཞུ་ནི།།